ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :--> འགོ་ཁྲིད་ཀྱི་གསུང་བཤད།
༄༅།།པདྨ་རྫོང་ནང་བསྟན་མཐུན་ཚོགས་ཐེངས་དང་པོའི་འཐུས་མི་གྲོས་ཚོགས་སྟེང་གི་གསུང་བཤད།
འབྱུང་ཁུངས།: 2014/7/4 9:17:40

༄༅།།པདྨ་རྫོང་ནང་བསྟན་མཐུན་ཚོགས་ཐེངས་དང་པོའི་འཐུས་མི་གྲོས་ཚོགས་སྟེང་གི་གསུང་བཤད།

རྫོང་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་།རིན་སྐྱབས།

2014ལོའི་ཟླ4བའི་ཚེསཉིན

འདིར་བཞུགས་ཀྱི་བླ་སྤྲུལ་དང་དམངས་དམ་ཁང་གི་ཀྲུའུ་རིན།བློ་མཐུན་རྣམ་པ།

དེ་རིང་པདྨ་རྫོང་གི་དགོན་ཁག 23གྱི་བླ་སྤྲུལ་དང་དམངས་དམ་ཁང་གི་འགན་འཁུར་བ་སོགས་ཆོས་ལུགས་འཐུས་ཚབ་མི་སྣ་ཡོངས་དང་མཉམ་དུ།   པདྨ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་ཡིན་པས།འདི་ནི་རྫོང་ཡོངས་ཀྱི་ཆོས་ལུགས་ལས་   དོན་ཐད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ལ།རང་རེ་རྫོང་གི་ནང་བསྟན་    མཐུན་ཚོགས་བཙུགས་པའི་མཛད་སྒོ་ཡང་ཡིན་ཕྱིར།ང་ཚོ་ཚང་མ་དགའ་འོས་པའི་དོན་དག་གལ་ཆེན་ཞིག་རེད།དེའི་ཕྱིར།ངས་ཐོག་མར་པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ཏེ་ཐེངས་འདིའི་གྲོས་ཚོགས་   གཟབ་རྒྱས་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་བ་དང་ལྷན་དུ།གྲོས་ཚོགས་ལ་ཞུགས་པའི་བླ་སྤྲུལ་དང་འཐུས་མི་    རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་པ་ཡིན།ཐེངས་འདིའི་གྲོས་ཚོགས་ཀྱི་འོས་འགན་གཙོ་བོ་ནི་པདྨ་རྫོང་སྐབས་དང་པོའི་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་མི་སྣ་འདེམ་བསྐོ་བྱེད་པ་དང་།རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱེད་རྒྱུ།

གཅིགཏང་ཨུ་དང་སྲིད་གཞུང་ལ་རམ་འདེགས་བྱས་ཏེ།ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་རྒྱུ།

རང་རེའི་པདྨ་རྫོང་ནི་དགོན་པ་མང་ཞིང་ཆོས་ལུགས་གྲུབ་མཐའ་མང་བའི་ས་ཁུལ་ཅིག་ཡིན་པ་མ་ཟད།དམངས་ཡོངས་ཆོས་ལུགས་ལ་དད་པ་ཆེ་ཞིང་།ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཤན་ཤུགས་ཐེབས་པ་དེ་ལས་ཀྱང་ཟབ་མོ་ཡིན་པས།མི་དམངས་ཀྱི་འགྲོ་འདུག་སྤྱོད་སྟངས་དང་འཚོ་བའི་ཁྲོད་དུ་རྐང་སིམ་པར་བྱས་ཡོད།དེའི་ཕྱིར།དགོན་པའི་ཆོས་ལུགས་བྱ་འགུལ་སྣ་ཚོགས་ཀྱིས་མི་དམངས་ཀྱི་བསམ་བློར་བག་ཆགས་ཟབ་མོ་འཇོག་པ་དང་།དགོན་པའི་བླ་སྤྲུལ་དག་གི་བསམ་བློ་དང་བྱ་སྤྱོད་ཀྱིས་མང་    ཚོགས་ལ་ཤན་ཤུགས་ཐེབས་པ་ཡིན་པས།ང་ཚོས་ངེས་པར་དུ་དགོན་   པའི་བདེ་འཇགས་དང་དགོན་པའི་བླ་སྤྲུལ་ཡོངས་ཀྱི་བསམ་བློ་དང་བྱ་   སྤྱོད་ལ་རེ་བ་ནན་མོ་འདོན་དགོས་པ་རེད། 

ཏང་གི་ཆོས་ལུགས་དད་མོས་རང་དབང་ནི་ཏང་རྩ་འཛུགས་དང་སྲིད་གཞུང་གི་བཀོད་འདོམས་འོག་དང་།ཏང་དང་སྲིད་གཞུང་གི་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ལ་མི་འགལ་བའི་ཆ་རྐྱེན་འོག་ལག་བསྟར་བྱེད་པ་ལས།ཆོས་ལུགས་དགོན་པ་དང་ཆོས་ལུགས་   ཚོགས་པ་གང་རུང་གིས་གང་འདོད་ཅི་འདོད་ལྟར་སྒྲུབ་ཆོག་པ་ཞིག་     གཏན་ནས་མིན་པས།ང་ཚོས་ཏང་གི་ཆོས་ལུགས་དད་མོས་རང་དབང་ལ་གོ་བ་ཟབ་མོ་ལོན་པར་བྱས་ཏེ།ཆོས་ལུགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་དགོས་ཤིང་།སྲིད་ཇུས་དང་མི་འགལ་བའི་ཆ་རྐྱེན་འོག་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་རྒྱུ་དང་།ཐེངས་འདིའི་གཅིག་བསྡུས་དག་ཐེར་ལ་ཟུང་འབྲེལ་བྱས་ནས།དགོན་པ་སོ་སོས་རང་རང་གི་ལོ་གཅིག་གི་རྒྱུན་ལྡན་གྱི་ཆོས་ལུགས་ཆོ་ག་སྣ་ཚོགས་ཏང་རྩ་འཛུགས་དང་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ།ཆོག་མཆན་ཐོབ་པར་བྱེད་རྒྱུ་མ་ཟད།ཆོག་མཆན་མ་ཐོབ་པར་ཆོས་ལུགས་ཆོ་ག་གཏན་ནས་མི་སྤེལ་རྒྱུ་ཁས་ལེན་བྱེད་དགོས་ལ།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐེ་གཏོགས་མི་བྱེད་པ་དང་།ཏང་ཨུ་དང་སྲིད་གཞུང་གི་ཆོད་ཇུས་སྣ་ཚོགས་ལག་བསྟར་བྱས་ཏེ།ནང་བསྟན་མཐུན་ཚོགས་ནི་ཏང་དང་སྲིད་གཞུང་།དད་ལྡན་མང་ཚོགས་བར་ལ་འབྲེལ་བ་དམ་ཟབ་བྱེད་པའི་བགྲོད་ཟམ་ལྟ་བུ་བྱེད་དགོས།

གཉིས།རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ།རང་འགུལ་སྒོས་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་རྒྱུ། 

ང་ཚོའི་རྒྱལ་ཁབ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན་ཞིང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་ཕྱིན།སྤྱི་ཚོགས་ཀྱི་ཐོབ་ཐང་ཇི་འདྲ་མཐོ་རུང་།ཚོགས་པ་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མ་འདྲ་མཉམ་ཡིན་ལ།ཚང་མས་ཏང་རྩ་འཛུགས་ལ་བརྩི་སྲུང་བྱེད་པ་དང་།ཏང་རྩ་འཛུགས་དང་སྲིད་གཞུང་གི་བཀོད་འདོམས་ལ་   ཉན་རྒྱུ་མ་ཟད།རླབས་ཆེན་གྱི་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ཏེ།རྒྱལ་གཅེས་ཆོས་གཅེས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། 

མིག་སྔར།རྒྱལ་ཁབ་ཕྱི་ནང་གི་ཁ་བྲལ་སྟོབས་ཤུགས་ནང་འཛུལ་བྱས་པ་དང་།མཐའ་སྐོར་ས་ཁུལ་དུ་བདེ་འཇགས་དོན་རྐྱེན་འདྲ་མིན་བྱུང་བ་དང་བསྟུན་ནས།རང་རེའི་རྫོང་གི་བརྟན་འཇགས་སྲུང་སྐྱོང་རྣམ་པ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་ལ།ས་གནས་དཔལ་འབྱོར་སྤྱི་ཚོགས་འཕེལ་   རྒྱས་ལ་ཚད་བཀག་བྱས་ཡོད་པས།ང་ཚོ་ནང་བསྟན་མཐུན་ཚོགས་ཀྱི་   འགོ་ཁྲིད་དང་འཐུས་མི་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་རང་ས་གནས་ཀྱི་བརྟན་འཇགས་སྲུང་སྐྱོང་བྱ་བར་ཐུགས་ཁུར་དང་འགན་ལེན་མི་བྱེད་ག་མེད་རེད།མིག་སྔར་གྱི་གནས་ཚུལ་ལ་གཞིགས་ནས་ཐེངས་འདིའི་གྲོས་ཚོགས་འཚོགས་པའང་ཕྱོགས་ཡོངས་ནས་པདྨའི་སྤྱི་ཚོགས་བདེ་    འཇགས་དང་འཆམ་མཐུན་འཕེལ་རྒྱས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་།ང་ཚོའི་ཁུར་དུ་བབ་པའི་འོས་འགན་གལ་ཆེན་ཞིག་ཡིན་ལ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས་པདྨའི་སྤྱི་ཚོགས་འཕེལ་རྒྱས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས།ང་ཚོ་ཚང་མས་པདྨའི་མང་ཚོགས་ཀྱི་བདེ་སྡུག་དང་འཚོ་བར་ཐུགས་འདང་ཞིབ་མོ་རྒྱབ་ནས།ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་ཞབས་ཞུ་དང་བདེ་སྐྱིད་སྐྲུན་རྒྱུའི་འདུན་པ་ཡོད་དགོས།འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་བཅིངས་བའི་རེ་བ་ཡིན་ལ།མང་    ཚོགས་ཀྱི་རེ་འདུན་ཡིན་པ་མ་ཟད།སངས་རྒྱས་ཆོས་ལུགས་ཀྱི་དགོངས་པའང་ཡིན་པས།རྗེས་ཕྱོགས་ཀྱི་བྱ་བར་བསམ་བློ་བཏང་སྟེ།འཕེལ་རྒྱས་འཆམ་མཐུན་གྱི་ལམ་བུ་ཞིག་འཚོལ་བ་དང་།ཏང་དང་དགོན་པ།མང་ཚོགས།ལས་བྱེད་པ་བཅས་ཀྱི་བར་ལ་བྲལ་ཐབས་མེད་པའི་བརྩེ་བ་ཟབ་མོ་ཞིག་ཆགས་པར་བྱེད་དགོས།

གསུམ།མཐུན་ཚོགས་ཀྱི་འགན་འཁྲི་ལག་བསྟར་དངོས་འབེབས་བྱས་ཏེ།མཐུན་ཚོགས་བྱ་བ་ཧུར་ཐག་གིས་སྒྲུབ་པར་སྐུལ་འདེད་བྱེད་རྒྱུ།

སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་ཚེ།ཆེས་མ་མཐའ་ཡང་བྱམས་དང་སྙིང་རྗེ་ལྡན་ལ་དགེ་བཅུའི་ཁྲིམས་སྲུང་དགོས་ཤིང་།ངན་སེམས་   དང་གཞན་ལ་ཕོག་ཐུག་སྤུ་ཙམ་ཡང་མི་བྱེད་པའི་འདུལ་ཁྲིམས་ཡོད་     དགོས་ལ།མི་ཉུང་ཤེས་ཀྱི་ནོར་འཁྲུལ་གྱི་བསམ་ཚུལ་དང་བསླུ་བྲིད་ཀྱི་རྗེས་འབྲངས་མི་བྱེད་པར།ཁྱེད་ཚོས་རང་གི་ཚུལ་ཁྲིམས་གཙང་མས་མང་ཚོགས་ལ་དཔེ་སྟོན་དང་ཁ་ཏ་སློབ་གསོ།   སྐུལ་སློང་བྱས་ཏེ་འཕེལ་རྒྱས་དང་འཆམ་མཐུན་གྱི་བརྩོན་སེམས་ལྡན་པར་བྱེད་པ་དང་།མི་རིགས་   མཐུན་སྒྲིལ་བྱེད་དགོས་པའི་སློབ་གསོ་ནན་མོ་བྱས་ན་ད་གཟོད་པདྨའི་   བདེ་འཇགས་སྐྲུན་ཐུབ།རྒྱལ་གཅེས་ཀྱི་ཆོས་ལུགས་ཚོགས་པ་ཞིག་ཡིན་ན།རྒྱ་ཆེའི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པས།དད་ལྡན་མང་     ཚོགས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་དམིགས་ཏེ།ཏང་དང་སྲིད་གཞུང་།དད་ལྡན་མང་ཚོགས་བར་ལ་མཐུན་སྒྲིལ་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པ་དང་།ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ལག་     བསྟར་དང་མང་ཚོགས་ལ་སློབ་གསོ་བྱས་ནས།ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པར་བྱེད་རྒྱུ་མ་ཟད།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་རྒྱུད་ནང་བསྟན་ལས་དོན་སྲོལ་ཡིགདངཆོས་ལུགས་ལས་དོན་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིགསོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་ནན་ཏན་བྱས་ཏེ།སྲིད་ཇུས་ཀྱི་དགོངས་དོན་དང་མི་འགལ་   བའི་རྨང་གཞིའི་སྟེང་།ཆོས་ལུགས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་།    རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་དར་སྤེལ་བྱེད་དགོས། 

འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ་ང་ཚོ་པདྨ་རྫོང་ནས་མདོ་དབུས་ཁམས་གསུམ་ན་མིང་དུ་གྲགས་པའི་བླ་སྤྲུལ་དང་མཁས་མཆོག་དམ་པ་གང་མང་ཞིག་འཁྲུངས་མྱོང་ཞིང་།དེ་དག་གི་གསུང་རབ་རི་རབ་ཀྱི་གཏོས་དང་མཉམ་པ་ཡོད་པ་མ་ཟད།ཁོ་ཚོའི་བླ་མེད་སྤྱོད་བཟང་གིས་ང་ཚོའི་བསམ་བློར་སློབ་གསོ་དང་ཕྱོགས་སྟོན་མཛད་བཞིན་ཡོད་པས།ཁོ་ཚོར་དད་མོས་བྱེད་པའི་རྗེས་རབས་སློབ་ཕྲུག་དག་གིས་གསུང་ཚིག་དང་ལེན་བྱེད་རྒྱུ་   སྨོས་མ་དགོས་ཤིང་། རང་གི་སྲོག་དང་བཟློས་ཏེ་བླ་མའི་དམ་ཚིག་སྲུང་དགོས་པ་བྱང་ཆུབ་ལམ་རིམ་སོགས་སུ་གསལ་བོར་གསུང་ཡོད་ལ།དེ་   དང་ལྷན་དུ་རང་སོ་སོའི་སྤྱི་ཚོགས་ཁོར་ཡུག་གི་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་བྱེད་དགོས་ཏེ།དཔེར་ན་གྲྭ་བཙུན་ཞིག་ལ་མཚོན་ན་རང་གི་བསྡོམ་ཁྲིམས་བརྩི་སྲུང་བྱེད་པ་དང་།མང་ཚོགས་ཤིག་ལ་མཚོན་ན་སྡེ་བ་དང་སྤྱི་ཚོགས་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་བྱེད་པ་ལས།ཕན་ཚུན་གྱི་འཚོ་བར་ཐེ་གཏོགས་མི་བྱེད་པ་དང་། རང་སོ་སོའི་སྲུང་བྱ་ལས་མི་འགལ་བ་བྱེད་དགོས།

བཞི།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་མང་ཚོགས་ལམ་ཕྱོགས་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ།

རྒྱ་ཆེའི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཁྲོད་དུ་ཏང་གི་   ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་མང་ཚོགས་ལམ་ཕྱོགས་དྲིལ་སྒྲོག་བྱེད་པ་དང་།ཞིང་ཆེན་དང་ཁུལ།རྫོང་ཨུའི་བྱ་བའི་བཀོད་སྒྲིག་དང་རེ་བ་ལྟར།བྱ་བའི་འོས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་པ་དང་།སྤྱི་ཚོགས་བརྟན་འཇགས་བཅོས་སྐྱོང་བྱེད་པར་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྟེན་དགོས་ལ།མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་འབད་   བརྩོན་ལ་བརྟེན་དགོས་པས།ཚང་མས་མཉམ་དུ་འཚོ་བ་རོལ་སའི་ཁོར་ཡུག་སྐྱིད་པོ་ཞིག་སྐྲུན་ཏེ།རང་གཞན་ཀུན་ལ་ཕོག་ཐུག་མེད་ཅིང་།བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་རེ་བ་ཡིན་ལ།མི་   དམངས་མང་ཚོགས་ཀྱི་འདོད་བློ་ཡང་ཡིན་པས།ཐུན་མོང་གི་བདེ་སྡུག་ལ་བསམ་བློ་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ལ་བརྩི་སྲུང་བྱས་ན།ད་གཟོད་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་སྣ་    ཚོགས་ལེགས་འགྲུབ་བྱེད་ཐུབ་པ་དང་།མི་རིགས་ལ་དགའ་ཞིང་ཆོས་   ལུགས་ལ་དད་པའི་ཚད་ལྡན་གྱི་སྤྱི་དམངས་ཤིག་ཏུ་འགྱུར་ངེས་པ་སྟེ།    མཁན་ཆེན་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་ཀྱང་གཞན་སེམས་མ་དཀྲུགས། རང་ཚུགས་མ་ཤོར་ཞེས་པའི་ཆོས་དང་འཇིག་རྟེན་པའི་ལས་ཀུན་ལ་ཕན་པའི་གདམ་ཚིག་བསྩལ་ཡོད་པ་མ་ཡིན་ནམ།དེས་ཕྱིར།ང་ཚོས་རང་སོ་སོའི་སྤྱི་ཚོགས་ཁོར་ཡུག་གི་སྒྲིག་ལམ་སྣ་ཚོགས་བརྩི་སྲུང་བྱས་ནས་རང་སོ་སོའི་ལས་འགན་ལེགས་འགྲུབ་བྱེད་དགོས་ལ།མི་དམངས་ཀྱི་འདོད་བློ་འཚིམ་པའི་ཆོས་ལུགས་མཐུན་ཚོགས་ཤིག་འཛུགས་པར་འབད་པ་བྱེད་དགོས།

མཇུག་མཐར།ནང་བསྟན་མཐུན་ཚོགས་ཀྱི་སྐབས་གསར་བའི་ལས་    འཛིན་གྲོས་ཚོགས་དང་ཐེངས་འདིའི་འཐུས་མི་གྲོས་ཚོགས་ནས་མགོ་    བརྩམས་ཏེ།རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོགསྙིང་སྟོབས་ཆེར་བསྐྱེད་དང་བློ་སེམས་གཅིག་སྒྲིལ།སྐབས་བསྟུན་གསར་སྐྲུན་བྱེད་པ་དང་།རྫོང་ཡོངས་ཀྱི་ནང་བསྟན་ཆོས་ལུགས་ལས་དོན་བདེ་ཐང་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་ཏེ།པདྨའི་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས།

མཐར།ཁྱེད་རྣམ་པའི་སྐུ་ཁམས་བདེ་ཞིང་བྱ་བ་ཐམས་ཅད་ཡར་ངོ་ཟླ་ལྟར་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུ་བ་ཡིན།

ཚང་མ་བཀའ་དྲིན་ཆེ།

 

 

 

 

 

 

 
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། པདྨ་རྫོང་ནང་བསྟན་མཐུན་ཚོག 2018/9/3
· ༄༅།། པདྨ་རྫོང་གི་བོད་ཇ་དང་རྫ་ན 2018/6/3
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། རྒྱལ་ཡོངས་སྲིད་གྲོས་སྐབས་ 2019/3/18
· ༄༅།། པདྨ་རྫོང་མི་དམངས་འཐུས་མི་ 2019/3/17
· ༄༅།། མགོ་ལོག་ཁུལ་གྱིས་ནུས་ཤུགས 2019/3/4

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།