༄༅།།པདྨ་རྫོང་གིས་རྒྱལ་གཉེར་རྒྱུ་ནོར་དོ་དམ་དང་གཞི་རྩའི་ནོར་དོན་གསོ་སྦྱོང་འཛིན་གྲྭ་བཙུགས་པ།
ཟླ3པའི་ཚེས 11ཉིན། རྫོང་སྲིད་གཞུང་བརྙན་མཐོང་གྲོས་ཚོགས་ཁང་དུ་རྫོང་ཡོངས་ཀྱི་རྒྱལ་གཉེར་རྒྱུ་ནོར་དོ་དམ་དང་གཞི་རྩའི་ནོར་དོན་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་། རྫོང་ཡོངས་ཀྱི་སྲིད་འཛིན་ཁེ་ལས་ལས་དོན་ལས་ཁུངས་སོ་སོའི་ནོར་རྩིས་མི་སྣ་དང་། གཞི་རྩའི་རྣམ་གྲངས་འཛུགས་བསྐྲུན་འགན་འཁུར་བ། ནོར་སྲིད་ཅུས་འབྲེལ་ཡོད་ལས་སྒྲུབ་མི་སྣ་བཅས་བསྡོམས་པས་མི 62གསོ་སྦྱོང་ལ་ཞུགས་པ་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལི་ཧན་ཅང་དང་ནོར་སྲིད་ཅུས་ཀྲང་ཞཱ་ཧོང་མེས། འཕེལ་རྒྱས་བཅོས་སྒྱུར་ཅུས་ཀྲང་ཏོན་ཙོ་ཅིན། སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲའོ་ཚུན་བེ་བཅས་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་ཕེབས།
གྲོས་ཚོགས་སྟེང་རེ་བ་གསུམ་བཏོན་པ་སྟེ། གཅིག་ནས་རྒྱལ་གཉེར་རྒྱུ་ནོར་དོ་དམ་དང་གཞི་རྩའི་ནོར་དོན་བྱ་བ་འཛུགས་བསྐྲུན་ལ་ཤུགས་སྣོན་བྱེད་པར་ངོས་ཟིན་གསལ་བོ་བྱས་ཏེ། ཚན་རིག་ཅན་གྱི་དོ་དམ་ཆུ་ཚད་ཀྱི་གལ་ཆེན་རང་བཞིན་མཐོར་འདེགས་བྱེད་དགོས། གཉིས་ནས་ཐེངས་འདིའི་གསོ་སྦྱོང་གོ་སྐབས་དམ་འཛིན་བྱས་ཏེ། འབྲེལ་ཡོད་ལས་སྒྲུབ་མི་སྣའི་ལས་དོན་གཞུང་ལུགས་ཤེས་བྱ་མཐོར་འདེགས་བྱེད་དགོས། གསུམ་ནས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པར་ཤུགས་སྣོན་བྱས་ཏེ། སློབ་སྦྱོང་བྱས་པ་བཀོལ་ཐུབ་པ་དང་། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བར་མཐོང་ཆེན་བྱེད་དགོས།
གསོ་སྦྱོང་གྲོས་ཚོགས་སྟེང་དུ《པདྨ་རྫོང་སྲིད་འཛིན་ལས་དོན་ལས་ཁུངས་ཀྱི་རྒྱལ་གཉེར་རྒྱུ་ནོར་དོ་དམ་གནས་སྐབས་ལག་བསྟར་བྱ་ཐབས》དང་གཏན་འཁེལ་བྱས་པའི་རྒྱུ་ནོར་དང་དངུལ་དོན་ཐག་གཅོད། མ་དངུལ་གཏོང་སྤྲོད་གོ་རིམ་གཞི་རྩའི་འཛུགས་བསྐྲུན་དང་རྣམ་གྲངས་རྩིས་གཉེར་དཔྱད་རྩིས་གཞི་རྩའི་འཛུགས་བསྐྲུན། 《པདྨ་རྫོང་ནོར་སྲིད་ཅུས་རྒྱལ་མཛོད་གཅིག་བསྡུས་འགྲོ་གྲོན་དོ་དམ་བྱ་ཐབས》 《པདྨ་རྫོང་རྣམ་གྲངས་འཛུགས་བསྐྲུན་དོ་དམ་བྱ་ཐབས》 《པདྨ་རྫོང་ལས་གཞི་རྣམ་གྲངས་འཛུགས་བསྐྲུན་སུས་འཇོན་དེ་འགུག་སྐོར་གྱི་གནས་སྐབས་དོ་དམ་བྱ་ཐབས》། རྣམ་གྲངས་བྱ་བའི་བརྒྱུད་རིམ་དང་འབྲེལ་ཡོད་རྒྱུ་ཆ་བཅས་ལ་གཏིང་ཟབ་སྒོས་སྒྲོག་འགྲེལ་བྱས་པ་མ་ཟད། སློབ་མཁན་དག་གི་དོན་དངོས་བྱ་བའི་ཁྲོད་བྱུང་བའི་གནད་དོན་ལ་གྲོས་བསྡུར་དང་འགྲེལ་ལན་བཏབ་པ་རེད། ལོ་ཙཱ་བ། ཆོས་ལོ།
|