༄༅།།པདྨ་རྫོང་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་རོགས་སྐྱོབ་རྣམ་གྲངས་ལག་བསྟར་འབྲེལ་མཐུད་བྱས་པ།
2010ལོའི་ཟླ8པར་ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་གྱིས་པདྨ་རྫོང་ལ་ཁ་གཏད་རོགས་སྐྱོབ་བྱ་བའི་འགོ་བརྩམས་པ་ནས་བཟུང་། ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་གྱི་སྟོབས་ཤུགས་ཆེན་པོའི་རོགས་སྐྱོར་ཐོབ་པ་དང་། ད་བར་དུ་རོགས་སྐྱོབ་རྣམ་གྲངས་དེ་རྨང་གཞིའི་སྒྲིག་བཀོད་དང་། སློབ་གྲྭ། སློབ་གསོ། སྨན་ཁང་། འགྲིམ་འགྲུལ་ལག་ཆ་སོགས་རྣམ་གྲངས་ཆེན་པོ་རིགས་ལྔ་དང་རྣམ་གྲངས་བདུན་ཡོད་ཅིང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི 527.5 ལ་སླེབས་ཡོད། པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཀའ་དྲིན་ཞུ་བའི་སེམས་པ་དང་། རོགས་སྐྱོབ་ཀྱི་བརྩེ་སེམས་མཚོན་པའི་ཆེད་དང་། གོམ་གང་མདུན་སྤོས་སྒོས་ད་ལོའི་ཟླ7པར་ཧྲང་ཧེ་གྲོང་ཁྱེར་ཏང་སྲིད་འཐུས་མི་ཚོགས་པའི་ཁོངས་གཏོགས་ཆིན་ཕུའུ་འཐུས་མི་ཚོགས་པ་པདྨ་རྫོང་ལ་ཕེབས་ཏེ་རྟོག་ཞིབ་གཏན་འཁེལ་བྱས་པའི་སྐོར་གྱི་རོགས་སྐྱོབ་རྣམ་གྲངས་ལག་བསྟར་གྲོས་ཆོད་བྱེད་པའི་ཆེད་དུ། ཉེ་ཆར་པདྨ་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་བྱས་པའི་པདྨ་རྫོང་ཏང་སྲིད་འཐུས་མི་ཚོགས་པའི་མི8ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ཁུལ་དུ་རྟོག་ཞིབ་བཅར་འདྲི་བྱེད་དུ་སོང་ཞིང་།ཆིན་ཕུའུ་ཁུལ་ཨུའི་ཧྲུའུ་ཅི་ཀའོ་ཁང་དང་ཁུལ་ཨུའི་རྒྱུན་ལས།ཁུལ་གཙོ་གཞོན་པ་ཀྲུའུ་མེན་ཏི་དང་ཡུས་ཞིས་ཧྥུན་སོགས་ཀྱིས་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། འཐུས་ཚབ་ཚོགས་པས་སྔ་རྗེས་སུ་ཆིན་ཕུའུ་ཁུལ་ཞིན་ཧྭ་གྲོང་རྡལ་དང་ཁུལ་འཕྲོད་བརྟེན་ཅུས། ཀྲུང་ཧྲན་སྨན་ཁང་ཆིན་ཕུའུ་ཁོངས་གཏོགས་སྨན་ཁང་། ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ། ཁུལ་སློབ་གསོ་ཅུས།ཁུལ་བཟོ་ལས་ར་བ་དང་རོགས་སྐྱོབ་བྱེད་མཁན་ཁེ་ལས་འགའ་བཅས་ལ་བཅར་འདྲི་བྱས་པ་མ་ཟད།ལས་ཁུངས་སོ་སོ་ནས་བཞུགས་མོལ་གྲོས་ཚོགས་འཚོགས་ཏེ། མཉམ་དུ་རོགས་སྐྱོབ་ཇུས་ཆེན་ལ་གྲོས་མོལ་བྱས་ཤིང་། རྣམ་གྲངས་ལག་བསྟར་སྐོར་གྱི་ཞིབ་ཕྲའི་དུས་ཚོད་དང་ས་གནས་གསལ་བོར་གཏན་འཁེལ་བྱས།
དེ་དང་མཉམ་དུ་འཐུས་ཚབ་ཚོགས་པས་ཧྲང་ཧེ་ཆིན་ཕུའུ་བཟོ་ལས་ཁུལ་འཕེལ་རྒྱས(ཚོགས་པ)ཚད་ཡོད་ཀུང་སི་ལ་རིན་མི་དགོས་པའི་རོགས་སྐྱོབ་ཉི་ནུས་ལམ་སྒྲོན་100སྟེར་རྒྱུའི་གྲོས་མོལ་མཆན་འགོད་བྱས་ཤིང་། ཞིན་ཅའོ་ཏེན་རླངས་འཁོར་ལག་རྩལ་དངུལ་རྐང་ཚད་ཡོད་ཀུང་སི་དང་ཧྲང་ཧེ་ཆིན་ཕུའུ་བཟོ་ལས་ཁུལ་དྲོད་གློག་ཚད་ཡོད་ཀུང་སི་ལ་རིན་མི་དགོས་པའི་ཉི་ནུས་འགུལ་སྐྱོད་གློག་ཁུངས་ཆ་ཚང་ཁྱིམ་ཚང་400ཡི་བཀོལ་སྤྱོད་བྱེད་ཐུབ་པར་གྲོས་མོལ་མཆན་འགོད་བྱས་ལ། རྣམ་གྲངས་འདི་གཉིས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི 170ལྷག་ལ་སླེབས་ཡོད།
ཐེངས་འདིའི་བཅར་འདྲི་སྐབས་སུ། འཐུས་ཚབ་ཚོགས་པས་ད་དུང་རྣམ་གྲངས་གསར་བ་སྐོར་ཞིག་ལ་མཇལ་འཕྲད་གྲོས་མོལ་བྱས་པས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས། གཅིག་ནས་ཆིན་ཕུའུ་ཁུལ་སློབ་གསོ་ཅུས་ཀྱིས་མུ་མཐུད་པདྨ་རྫོང་གི་དགེ་རྒན་དཔུང་ཁག་གསོ་སྦྱོང་བྱ་བར་ཤུགས་སྣོན་བྱེད་པ་དང་མཉམ་དུ། ད་དུང་སློབ་སྔོན་སློབ་གསོའི་དགེ་རྒན་གསོ་སྦྱོང་སྟེང་ཤུགས་སྣོན་བྱས་ཏེ།བྱིས་པའི་དགེ་རྒན་སྐོར་ཞིག་གསོ་སྦྱོང་བྱེད་རྒྱུ། གཉིས་ནས་བྱིས་སློབ་ཁང་ལ་སྒོར་ཁྲི་50རོགས་རམ་བྱས་ཏེ། བྱིས་སློང་ཁང་གི་གཞུང་སྒྲུབ་བཀོལ་ཆས་དང་། བྱིས་པའི་རྩེད་ཆས་སོགས་ཉོ་རྒྱུ། གསུམ་ནས་རྫོང་མི་རིགས་སློབ་འབྲིང་ལ་གློག་ཀླད་སྐོར་ཞིག་བྱིན་ཏེ། གློག་ཁྲིད་ཅན་གྱི་སློབ་ཁང་ཐོག་མ་རོགས་སྐྱོབ་འཛུགས་བསྐྲུན་བྱེད་རྒྱུ། བཞི་ནས་ཆིན་ཕུའུ་ཁུལ་འཕྲོད་བསྟེན་ཁང་གིས་པདྨའི་སྨན་བཅོས་མི་སྣ་གསོ་སྦྱོང་གི་སྟོབས་ཤུགས་མུ་མཐུད་ཇེ་ཆེར་གཏོང་བའི་རྨང་གཞིའི་སྟེང་དུ། རྫོང་མི་དམངས་སྨན་ཁང་ལ་སྨན་བཅོས་སྒྲིག་ཆས་སྐོར་ཞིག་ལེགས་སྐྱེས་སྦྱིན་ནས། པདྨ་རྫོང་འཕྲོད་བསྟེན་མ་ལག་གི་སྲ་ཆས་སྒྲིག་གཞི་ལ་ཤུགས་སྣོན་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་བསྐང་བར་བྱེད་རྒྱུ།
|